༄༅། །འགྲོ་མགོན་བཀའ་བརྒྱུད་པའི་བྱུང་རིམ་ལོ་རྒྱུས་ངོ་སྤྲོད།

Sdílet
Vložit
  • čas přidán 1. 11. 2020
  • ཆོས་བརྒྱུད་ཁག་གི་བྱུང་རིམ་ལོ་རྒྱུས་ལས་རིམ་ནང་འགྲོ་མགོན་བཀའ་བརྒྱུད་པའི་བྱུང་རིམ་ལོ་རྒྱུས་སྐོར་མཁན་པོ་ཀརྨ་ལེགས་མཐོང་མཆོག་གིས་ངོ་སྤྲོད་གནང་ཡོད།
    བོད་ཀྱི་ཆོས་བརྒྱུད་ཆེན་པོ་མཉམ་མེད་དྭགས་པོ་བཀའ་བརྒྱུད་པའི་གྲུབ་མཐའ་ནི། སྒྲ་སྒྱུར་གྱི་རྒྱལ་པོ་མར་པ་ལོ་ཙཱ་རྒྱ་གར་ལ་བྱོན་ནས། ན་ལནྜའི་པཎ་གྲུབ་ཆེན་པོ་ནཱ་རོ་པ་དང་། རྒྱལ་བ་མཻ་ཏྲི་པ་སོགས་བླ་མ་མང་པོའི་ཞབས་ལ་གཏུགས། གསང་སྔགས་བླ་མེད་ཀྱི་རྒྱུད་སྡེ་རྒྱ་མཚོ་ལྟ་བུ་ཞུས། བོད་ལ་བྱོན་ནས་ཐབས་ལམ་ནཱ་རོ་ཆོས་དྲུག་དང་། གྲོལ་ལམ་ཕྱག་རྒྱ་ཆེན་པོའི་གདམས་པ་རྩལ་དུ་བཏོན་པའི་དབང་ལུང་ཁྲིད་གསུམ་བུམ་གང་བྱོའི་ཚུལ་དུ་གནང་བས། མཁས་གྲུབ་ཀྱི་སློབ་མ་ཆེས་མང་པོ་བྱུང་བའི་གཙོ་བོ། གངས་ཅན་གྲུབ་པའི་གཙུག་རྒྱན་རྗེ་བཙུན་མི་ལ་རས་པ་དང་། དེའི་སློབ་མའི་གཙོ་བོ། རྒྱལ་བས་ལུང་གིས་བསྔགས་པ་དྭགས་པོ་ཟླ་འོད་གཞོན་ནུ་ནས་བཀའ་ཕྱག་ཆུ་བོ་གཅིག་འདྲེས་སུ་གྱུར་པའི་སློབ་བརྒྱུད་བཟང་ལ་མང་བ་བར་མ་ཆད་དུ་བྱུང་བ་དག་གིས། རྒྱལ་བསྟན་ཡན་ལག་དང་བཅས་པ་བཤད་སྒྲུབ་ལས་གསུམ་གྱིས་སྤེལ་བའི་རྒྱུན་གྱིས་བོད་ཁམས་ཡོངས་སུ་ཁྱབ་པ་ལ། ཉམས་ལེན་སྒྲུབ་པའི་བཀའ་བབ་འགྲོ་མགོན་བཀའ་བརྒྱུད་པ། ཞེས་ཡོངས་སུ་གྲགས་པ་ཡིན། བཀའ་བརྒྱུད་པ་ཞེས་མཚན་ཐོག་ཚུལ་ནི་རྒྱ་གར་གྱི་གྲུབ་ཆེན་ཏིལླི་པ་དང་། པཎ་ཆེན་ནཱ་རོ་པ་བཅས་ཀྱི་བཀའ་བབས་གདམས་ངག་གི་བརྒྱུད་འཛིན་མཛད་པས་ན་བཀའ་བརྒྱུད་པ་ཞེས་གྲགས་པ་རེད། གྲུབ་མཐའ་ནི། ལྟ་བ་ཕྱག་རྒྱ་ཆེན་པོ་གསལ་སྟོང་འཛིན་མེད། སྒོམ་པ་ནཱ་རོ་ཆོས་དྲུག་བླ་མེད་ཀྱི་མན་ངག །སྤྱོད་པ་མདོ་སྔགས་འགལ་མེད་སྡོམ་གསུམ་གནད་གཅིག་དང་། འབྲས་བུ་ཆོས་སྐུ་རྡོ་རྗེ་འཆང་ཚེ་འདིར་མངོན་དུ་བྱེད་པ་ཞིག་ཡིན་ནོ། །
    མཁན་པོ་ཀརྨ་ལེགས་མཐོང་ནི། ཐོག་མར་གདན་ས་ར་ལང་དཔལ་ཆེན་ཆོས་གླིང་དགོན་པར། ༸རྗེ་བླ་མ་གཽ་ཤྲི་རྒྱལ་ཚབ་རིན་པོ་ཆེའི་ཞལ་སྔ་ནས་རབ་ཏུ་བྱུང་སྟེ་ཆོས་སྒོར་བཞུགས། ཆེར་སོན་པ་ན་༸དཔལ་ཀརྨ་པའི་གདན་ས་རུམ་བཏེག་གི་བཤད་གྲྭར་འཛུལ་བཞུགས་ཀྱིས། ༸རྒྱལ་ཚབ་རིན་པོ་ཆེ་དང་མཁན་དགའ་དབང་སོགས་ཀྱི་མདུན་ནས་དཔེ་འཁྲིད་ཞུས་ཤིང་། སློབ་མཐར་ཕྱིན་ཏེ་ཨ་ཅརྱཱ་ཐོན། གདན་ས་ཡས་མས་སུ་སློབ་འཁྲིད་ཅུང་ཟད་རེ་བགྱིད་ཞོར། ༸རྒྱལ་མཆོག་ཀརྨ་པ་བཅུ་བདུན་པ་ཆེན་པོ་དང་། ༸རྒྱལ་ཚབ་རིན་པོ་ཆེའི་ཞལ་སྔ་ནས་དབང་ལུང་མན་ངག་ཀྱང་བུམ་པ་གང་བྱོའི་ཚུལ་དུ་ཐོབ། སྔ་རྗེས་སུ་བཀའ་བརྒྱུད་ཀྱི་གདན་ས་གཙོ་བོ། རུམ་བཏེག་གི་བཤད་གྲྭ་༸དཔལ་ཀརྨ་ཤྲི་ན་ལནྡའི་ལོ་རྒྱུས། མཐའ་མའི་དགོངས་བཞེད། ཅེས་པ་དང་། ༸རྒྱལ་ཚབ་སྐུ་ཕྲེང་དང་པོ་གཽ་ཤྲཱི་དཔལ་འབྱོར་དོན་གྲུབ་ཀྱི་ལོ་རྒྱུས། རྒྱལ་སྲས་དགྱེས་པའི་སྒྲ་དབྱངས། བཀའ་བརྒྱུད་སྤྱི་དང་བྱེ་བྲག་གི་ལྟ་གྲུབ། ཤེས་བྱ་རབ་གསལ། ཞེས་པ་སོགས་ཀྱི་རྩོམ་འབྲི་བྱས། བོད་སྐད་ནས་དབྱིན་སྐད་དུ་བཀའ་ཆོས་ཕབ་བསྒྱུར་སོགས་ཀྱང་ཞུ་བཞིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།

Komentáře •