བཛྲ་གུ་རུའི་ཕན་ཡོན། རྫོགས་ཆེན་རྣལ་འབྱོར་པ་སྨྱོ་ཤུལ་མཁན་རིན་པོ་ཆེ།

Sdílet
Vložit
  • čas přidán 21. 11. 2018
  • བཛྲ་གུ་རུའི་ཕན་ཡོན།
    རྫོགས་ཆེན་རྣལ་འབྱོར་པ་སྨྱོ་ཤུལ་མཁན་རིན་པོ་ཆེ། སངས་རྒྱས་མཉན་པ་རིན་པོ་ཆེའི་བཀའ་འགྱུར་ལྗགས་ལུང་ཞུ་སའི་བླ་མ།
    ༄༅། །ཟབ་ཏིག་དགོངས་པ་འདུས་པ་ལས་ཨོ་རྒྱན་རིན་པོ་ཆེའི་རྣམ་ཐར་བསྡུས་པ་རིན་ཆེན་ཕྲེང་བ་བཞུགས་སོ། །
    ༄༅། །རྒྱ་གར་སྐད་དུ། ན་མོ་གུ་རུ་པདྨ་ཀ་ར་ཡེ། བོད་སྐད་དུ། བླ་མ་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ། །ཨེ་མ་ཧོ། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས། །གསུང་མཆོག་ཆོས་སྐུ་སྣང་བ་མཐའ་ཡས་ཀྱིས། །གཟིགས་སྟངས་ལྔ་བཅས་ལྗགས་ལས་འོད་འཕྲོས་པས། །ཨོ་རྒྱན་ནུབ་བྱང་འོ་མ་ཅན་མཚོར་བབས། །ཀླུ་རྒྱལ་འཇོག་པོའི་ཁང་སྟེང་པད་སྡོང་སྐྱེས། །པདྨའི་སྦུབས་ནས་རང་བྱུང་སྤྲུལ་པའི་སྐུ། །མཚོ་སྐྱེས་རྡོ་རྗེའི་མཛད་ཚུལ་དང་པོའོ། །དེ་ནས་རྒྱལ་པོ་ཨིནྡྲ་བྷོ་དྷི་ནི། །རྒྱ་མཚོར་ནོར་བུ་ལེན་དུ་ཕྱིན་པ་ལ། །སྨོན་ལམ་དབང་གིས་སྤྲུལ་པའི་སྐུ་དང་འཕྲད། །ཨོ་རྒྱན་ཡུལ་དུ་སྤྱན་དྲངས་གདུལ་བྱ་འདུལ། །གུ་རུ་པདྨ་རྒྱལ་པོ་ཞེས་སུ་གྲགས། །ཐབས་ཀྱི་བརྟུལ་ཞུགས་སྤྱོད་མཛད་ཤར་ལྷོར་གཤེགས། །དུར་ཁྲོད་བསིལ་བའི་ཚལ་དུ་སྒྲུབ་པ་མཛད། །བསྒྲུབ་པ་བཀའ་བརྒྱད་དངོས་གྲུབ་མཆོག་ཏུ་ཐོབ། །གུ་རུ་པདྨ་འབྱུང་གནས་ཞེས་སུ་གྲགས། །ཟ་ཧོར་རྒྱལ་ཁམས་ཆོས་ལ་བཙུད་པ་དང་། །ཚེ་དབང་ཕྱག་རྒྱ་ལྷ་ལྕམ་ལ་དགོངས་ནས། །ཡུལ་དེར་བྱོན་ནས་མེ་དཔུང་མཚོ་རུ་བསྒྱུར། །གཙུག་ལག་འཛིན་པའི་ཞྭ་བེར་རྒྱལ་སྲིད་ཕུལ། །གུ་རུ་པདྨ་སཾ་བྷ་ཞེས་སུ་གྲགས། །མཱ་ར་ཏི་ཀར་འཆི་མེད་རིག་འཛིན་ཐོབ། །ཨ་སུ་ར་ཡི་ཕུག་པར་རབ་ཏུ་བྱུང་། །རྡོ་རྗེ་གདན་དུ་མཛད་པ་བཅུ་གཉིས་ཚུལ། །རྫོགས་སངས་རྒྱས་པ་ཤཱཀྱ་སེང་གེར་གྲགས། །ཟངས་གླིང་ལ་སོགས་མུ་སྟེགས་པ་ཡི་ཚོགས། །ཞི་དྲག་སྣ་ཚོགས་ཐབས་ཀྱིས་འདུལ་བ་ཡི། །མཐུ་ལྡན་གུ་རུ་སེངྒེ་སྒྲ་སྒྲོགས་གྲགས། །དུར་ཁྲོད་དཔལ་ཆས་དཔའ་བོའི་ཚུལ་དུ་བཞེངས། །ཕྱོགས་བཞིའི་གནས་ཆེན་ཀུན་ཏུ་སྒྲུབ་པ་མཛད། །གྲུབ་ཐོབ་མང་པོའི་གསུང་གི་བདུད་རྩི་ཐོབ། །མཁྱེན་པའི་ཤེས་རབ་རིག་གནས་ཀུན་ལ་རྒྱས། །མཁྱེན་རབ་ཐོགས་མེད་བློ་ལྡན་མཆོག་སྲེད་གྲགས། །ཡུལ་གྲུ་བརྒྱད་ཀྱི་སེམས་ཅན་ཆོས་ལ་བཙུད། །དགོངས་པ་མཐར་ཕྱིན་མངོན་ཤེས་གྲུབ་རྟགས་མངའ། །མཚན་དཔེའི་སྐུར་སྣང་ཉི་མ་འོད་ཟེར་གྲགས། །མ་ཚོགས་མཁའ་འགྲོ་རྒྱ་མཚོའི་དབུས་ན་བཞུགས། །དེ་ལྟར་རྒྱ་གར་ཡུལ་གྱི་པཎ་གྲུབ་མཆོག །པདྨ་འབྱུང་གནས་གདུལ་བྱ་འདུལ་བའི་ཕྱིར། །གུ་རུ་མཚན་བརྒྱད་ཚུལ་དུ་སྐུར་སྣང་བ། །པདྨའི་རྣམ་ཐར་རིན་ཆེན་ཕྲེང་བ་ལས། །རྒྱ་གར་ཡུལ་བྱོན་ལེའུ་དང་པོའོ། །ཨེ་མ་ཧོ། དེ་ནས་མཐའ་འཁོབ་བོད་ཀྱི་རྒྱལ་ཁམས་སུ། །འཇམ་དཔལ་སྤྲུལ་པ་ཁྲི་སྲོང་ལྡེའུ་བཙན་གྱིས། །བསམ་ཡས་བཞེངས་ལ་ས་མ་འདུལ་བ་དང་། །པྲེ་ཏ་པུ་རིའི་རྒྱལ་ཁམས་འདུལ་དགོངས་ནས། །གནོད་སྦྱིན་རྫོང་བྱོན་ལྷ་འདྲེ་དམ་ལ་བཏགས། །སེངྒེ་གནམ་རྫོང་ཡང་ལེ་ཤོད་སོགས་ནས། །བར་ཆད་བགེགས་བསལ་སྡེ་བརྒྱད་བྲན་དུ་བཀོལ། །རིན་ཆེན་གཏེར་སྦས་བསྟན་པ་རྒྱས་པར་མཛད། །སྐྱེས་པ་བུ་བཞིའི་སྨོན་ལམ་མཐུ་བཙན་པས། །བོད་དུ་གདན་དྲངས་བྱོན་ནས་ས་འདུལ་མཛད། །བརྟན་མ་བཅུ་གཉིས་དགེ་བསྙེན་ཉེར་གཅིག་དང་། །མགུལ་ལྷ་བཅུ་གསུམ་ལ་སོགས་གཞི་བདག་རྣམས། །དམ་བཏགས་གཏེར་གཏད་བྲན་བགྱིའི་མནའ་ཐོ་བོར། །དམ་སྲི་སྤུན་དགུ་ལྷོག་པ་ཀླུ་ལ་སོགས། །དམ་བཏགས་སྲོག་སྙིང་ཕུལ་ནས་བཀའ་ལ་ཉན། །བོད་ཡུལ་དཀོན་མཆོག་གསུམ་གྱི་གཞི་མ་བཙུགས། །ཁྱད་པར་གསང་སྔགས་ཐུན་མིན་སྡེ་རྣམས་གསུངས། །མུན་ཁང་སྒྲོན་མེ་བཏགས་འདྲའི་བསྟན་པ་དར། །གངས་བྲག་མཚོ་རི་སྒྲུབ་གནས་བྱིན་གྱིས་བརླབས། །གྲུབ་རྟགས་མང་པོས་བོད་ཁམས་དད་ཅིང་གུས། །སྐུ་ཚབ་དུས་བབས་སྤྲུལ་སྐུ་གློ་བུར་འབྱུང་། །གསུང་ཚབ་རིན་ཆེན་གཏེར་རིགས་བཅོ་བརྒྱད་སྦས། །ཐུགས་ཚབ་དགོངས་པ་ཨ་ཏི་གསང་སྡེ་བཞག །ཡེ་ཤེས་མཚོ་རྒྱལ་བཀའ་བསྡུས་གཏེར་སྦས་མཛད། །རྗེ་འབངས་གྲུབ་ཆེན་ལས་ཅན་བརྗོད་འདས་བྱུང་། །གུ་རུ་རྡོ་རྗེ་གྲོ་ལོད་ཅེས་སུ་གྲགས། །བོད་ཀྱི་རྒྱལ་པོའི་ཐུགས་དགོངས་རྫོགས་པར་བྱས། །པདྨའི་རྣམ་ཐར་རིན་ཆེན་ཕྲེང་བ་ལས། །བོད་ཡུལ་བྱོན་ཚུལ་ལེའུ་གཉིས་པའོ། །ཨེ་མ་ཧོ། དེ་ནས་ལྷོ་ནུབ་སྲིན་པོ་འདུལ་དུ་དགོངས། །ལྷ་སྲས་ལ་སོགས་དག་པའི་འཁོར་རྣམས་ལ། །གུང་ཐང་ལ་ཐོག་རིན་ཆེན་ཁྲིར་བཞུགས་ནས། །རིགས་དྲུག་གར་སྐྱེས་འཁོར་བའི་སྡུག་བསྔལ་གསུངས། །བྱིན་རླབས་འཇུག་པ་བླ་མའི་རྣལ་འབྱོར་དང་། །དུས་རྣམས་ཀུན་ཏུ་པདྨ་ང་ཉིད་སྒོམས། །སྙིང་པོ་གུ་རུ་སིདྡྷི་རྒྱུན་དུ་ཟློས། །འགྲོ་དྲུག་གང་དུ་སྐྱེས་ཀྱང་ང་ཡིས་འདྲེན། །དད་པ་ཅན་ལ་གང་དུ་མ་བཞུད་བཞུགས། །གསོལ་བ་ཐོབ་དང་བྱིན་རླབས་རྟག་ཏུ་འཇུག །ཅེས་གསུངས་ཤུགས་ལྡན་རྟ་མཆོག་སྤྲིན་སྔོན་སྟེང་། །བདུད་རྩི་སིམ་པའི་ཆར་དང་འཇའ་ཟེར་བཅས། །མཁའ་འགྲོ་སྡེ་བཞིས་ཆིབས་ཀྱི་རྐང་པ་བཏེགས། །དཔའ་བོ་སྡེ་བཞིས་རོལ་མོའི་སྒྲ་དང་བཅས། །རྔ་ཡབ་གླིང་ཕྲན་སྲིན་པོའི་ཡུལ་དུ་གཤེགས། །པདྨའི་རྣམ་ཐར་རིན་ཆེན་ཕྲེང་བ་ལས། སྲིན་པོའི་ཡུལ་བྱོན་ལེའུ་གསུམ་པའོ། །ཨེ་མ་ཧོ། མི་བརྗེད་གཟུངས་ཐོབ་ཡེ་ཤེས་མཚོ་རྒྱལ་དང་། །ལས་ཅན་ལྷ་སྲས་མུ་ཏིག་བཙད་པོ་ཡིས། །མ་འོངས་རྗེས་འཇུག་རྣམས་ལ་ཕན་པའི་ཕྱིར། །པདྨའི་རྣམ་ཐར་རིན་ཆེན་ཕྲེང་བ་འདི། །རྒྱ་མཚོའི་ནང་ནས་ཆུ་ཐིགས་ཉག་ཙམ་བྲིས། །སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག །འབྲེལ་ཚད་ཐར་པའི་ཞིང་དུ་འདྲེན་གྱུར་ཅིག །ས་མ་ཡཱ། རྒྱ་རྒྱ་རྒྱ། གཏེར་རྒྱ། སྦས་རྒྱ། ཟབ་རྒྱ། གུ་ཧྱ། དྷ་ཐིམ། ཞེས་པའང་རང་སློབ་དམ་པ་རིག་བཟང་གིས་དར་བཅས་བསྐུལ་ངོར། དཔའ་བོ་ཆོས་དབྱངས་རྡོ་རྗེའི་གཏེར་བྱོན་དག་པར་ཕབ་པའི་ཡི་གེ་པ་ནི་འགྱུར་མེད་ཕྲིན་ལས་ཀྱིས་བགྱིས་པའོ། །དགེའོ།། །།
  • Krátké a kreslené filmy

Komentáře • 7