ངས་ཁྱེད་ལ་རྩོམ་ཡིག་མི་འབྲི་དོན། རྩོམ་པ་པོ། སྡོང་རོང་བའོད་ཐར། ཀློག་པ་པོ། ཕསྐད་གཙང་མ།👇

Sdílet
Vložit
  • čas přidán 6. 03. 2024
  • ངས་ཁྱེད་ལ་རྩོམ་ཡིག་མི་འབྲི་དོན།
    རྩོམ་པ་པོ། ལྡོང་རོང་བསོད་ཐར།
    ཁོ་མོས་ནམ་རྒྱུན་ང་ལ། “མོ་རང་དང་འབྲེལ་བའི་རྩོམ་ཡིག་རེ་འགའ་ཞིག་བྲིས་ན་མི་འགྲིག་གམ། མ་མཐའ་ཡང་ཤོ་ཀ་གཅིག་དང་ཚིག་དུམ་རེ་འགའ་ཞེས”་ཡང་ཡང་རྣ་བ་རུ་བླུགས་ཤིང་སྙིང་རྗེ་བའི་མཁུར་མགོ་དང་དེའི་གོང་གི་སྦྲང་མ་ལྟ་བུ་མིག་ཟུང་། ད་དུང་དྲག་པོ་རླུང་གིས་དར་དམར་སྐྱོད་པ་ལྟ་བུ་མཆུ། སྨིན་མ་དུད་སྤྲིན་འདྲ་བ་སོགས་ཀྱིས་ཁོ་བོ་ལ་ཡང་ནས་ཡང་དུ་ཐ་ཚིག་གི་ང་རོ་སྒྲོགས་ཚེ། “ངས་ད་ལྟ་འབྲི་ཤེས་ཀྱིན་མི་འདུག ཤེས་ཀྱིན་མི་འདུག་”ཅེས་ལན་དུ་བསློགས་ན། སྤྲིན་པ་ལྟ་བུ་ཁུར་ཚུར་ཆུང་ཆུང་དེས་ཁོ་བོར་ཐེ་ཚོམ་མེད་པ་ལན་འགའ་བརྒྱག་ཀྱང་སྲིད། ག་གེ་མོ་རེ་ལ་བྲིས་པའི་གནས་ཚུལ་བདེན་དཔང་དུ་བྱས་ཏེ་མི་དགའ་བ་དང་སྙིང་རྗེ་བའི་རྣམ་འགྱུར་ཡང་ཡང་བསྟན་ངེས་རེད།
    ཀྭ་ཡེ་དགོངས་པ་མ་འཚམས་ཨང་། སྐབས་དེར་དངོས་གནས་“འབྲི་ཤེས་ཀྱིན་མི་འདུག ”ངས་ད་ལྟ་བསམ་ན་ཆེས་ཟབ་པའི་བརྩེ་བ་དང་ཆེས་རྣོ་བའི་ཚོར་བ་མཐའ་དག ཁྱེད་ཀྱི་མགོའི་སྐྲ་རྩེ་ནས་རྐང་སེན་མོའི་བར་དུ་སྣུམ་ཞག་གོས་ལ་ཐིམ་པ་བཞིན་འདྲེས་སོང་བའི་ཚོར་བ་ཞིག་ཡང་ཡང་སྐྱེས། མ་ཟད་དེ་ལས་ལྷག་པའི་དགའ་བ་དང་དེ་ལས་ལྷག་པའི་བརྗོད་བྱ་ཞིག་ཀྱང་གཏན་ནས་རྙེད་ཐུབ་ཀྱིན་མེད་པ་འདྲ། ཉིན་ཞིག་ཁྱེད་ཀྱིས་གློ་བུར་དུ་སིལ་སིལ་རླུང་ལ་ཞོན་པའི་རྒྱ་ལྕང་ལྟ་བུ་སྐྲ་ལོ་དེ་དག ཨ་མཚར་ཉི་འོད་ཀྱི་ཟེགས་མ་འཐུ་བཞིན་ལན་བུ་རེ་རེས་སྣུམ་རིས་ཀྱི་འཇའ་ཁ་འཐེན་ནས་ཁོ་བོའི་འགྲམ་དུ་ཡོང་དུས། ཁོ་བོ་རང་དབང་མེད་པར་མིག་མཐར་མཆི་མས་གང་ནས་ཟླ་བ་ལྟ་བུ་གདོང་ལ་ཡང་ཡང་ཅེར་དོན། སྐབས་དེར་ངའི་སེམས་སུ་ནམ་ཞིག་ཁྱེད་རང་འདི་ལྟར་གཞན་ཞིག་གི་གམ་དུ་“མནའ་མ་”ཞེས་པའི་ཐ་སྙད་གོག་པོ་དེ་ཁུར་ནས་འགྲོ་བའི་ཚོར་བ་ཞིག་འདུག་ལ། དེ་དུས་ཁྱེད་ཀྱིས་ཁོ་བོ་མིང་དང་ཆ་ཤས་ཡོངས་སུ་འགྲོ་ཞོར་ལམ་བུ་ནས་རྡུལ་དང་ལྷན་དུ་བཏོར་བའི་ཚོར་བ་ཞིག་ཀྱང་འདུག་པས། ངའི་བུད་མེད་གཅིག་གི་ངོ་གདོང་ལ་ལྟ་བཞིན་ལྟ་བཞིན་མིག་ཆུ་ཤོར་བའང་ཐོག་དང་པོ་ཡིན་ངེས། ཁྱེད་ལ་དགོས་པའི་རྩོམ་ཡིག་གི་བརྗོད་བྱ་དག་ཀྱང་འདི་དང་འདི་ལྟ་བུ་བར་གསེང་ནས་ཉལ་སོང་བ་ཨེ་ཡིན།
    མིག་དཀྱུས་ཨུཏྤལ་ལྟར་ཡངས་པའི་ཀྭ་ཡེ། ཁྱེད་བདག་དང་རིང་ནས་རིང་དུ་གྱེས་སོང་བ་དགུན་ཁ་འདི་རབ་ཏུ་འཁྱག་ཀྱང་། ལས་བཟང་བ་ནི་ད་དུང་ང་ལ་སྨྱུ་གུ་དང་འབྲི་ཤོག་རེ་འགའ་ཞིག་ལྷག་འདུག་པ་མ་ཟད། དེ་བས་ཀྱང་བརྗོད་བྱ་རིང་བོ་ཞིག་ལྷག་འདུག་པ་འདིས། ང་རང་ཁེར་རྐྱང་ནང་གི་ཁེར་རྐྱང་སྐྱིད་ཤོས་དེ་ཡིན་ཆགས་བྱེད་བཞིན་ཡོད། འུ་གཉིས་ཀྱི་བརྩེ་བ་ནི་ཐོག་མ་ཁ་བ་དང་འབྲེལ་བ་ཟབ་མོ་ཡོད་པས། ཁ་བའི་ཕུགས་བསམ་ནི་གངས་རྒན་ཞིག་ཏུ་འགྱུར་རྒྱུ་ཡིན་ན་ཡང་། སྟབས་མ་ལེགས་པར་ཁ་བ་གངས་ལ་ལོག་པའི་སྐད་ཅིག་དང་པོ་དང་། གཉིས་པ་ནས་ཁ་བ་ཆུ་རུ་ལོག་པའི་ངང་ཚུལ་འདི་ཉིད་ཁོ་བོ་ལ་མཚོན་ན་ཕམ་ཁ་ཞིག་ཏུ་ངེས་ཀྱང་། ཆུ་ལ་ལོག་པ་ནས་སླར་ཁ་བ་ལ་ལོག་པའི་བདེན་དཔང་དངོས་མ་ཞིག་ད་ནས་ནམ་ཡང་རྙེད་དཀའ་བས། གདམས་ཀ་འདི་ལ་ལེ་བདའ་མེད་པ་ཆུ་ནས་ཆུ་རུ་ལོག་ནས་མཐའ་མེད་པའི་རྒྱུ་མཚོའི་ཀློང་དུ་བསྐྱོད་པའི་རེ་བ་ཆེ་ཞིང་། ངས་ཀྱང་ཕམ་ཁ་གཅིག་གིས་མི་ཚེ་གང་བོ་ཐག་བཅད་མི་ནུས་པ་གསལ་བོ་ཤེས་ཡོད་པས། ཀྭ་ཡེ་འོས་འཚམ་བྱུང་ན་སྤྲིན་པ་གོར་གོར་ཞིག་བདག་ལ་གནོངས་དང་། ངས་དེའི་ངོགས་ན་འདས་དོན་གྱི་ཡིག་འབྲུ་རེ་འགའ་དང་། རྒྱང་བསྐྱོད་ཀྱི་གླུ་ཚིག་རེ་འགའ་མ་ཤི་བར་དུ་བྲིས་ན་ཆོག
    ལོ་ཚོད་ཀྱི་གྲངས་ཀ་དེ་དག་མེ་ཏོག་གི་འདབ་མ་ཞིག་ཏུ་ཡིན་ངེས་བྱས་ན། ཁྱེད་ལ་ད་དུང་འཐོར་ན་མ་ཚར་ཞིང་མ་འཐོར་བའི་འདབ་མ་ཡིད་དུ་འོང་བའི་གྲངས་ཀ་བརྒྱད་ཙམ་མཆིས་ལ། ཁྱེད་དང་བསྡུར་ན་ཁོ་བོའི་འདབ་མ་ནི་གྲངས་ཀ་བཞི་ཙམ་གྱིས་ཉུང་བས། ཉུང་བ་རྒྱུ་མཚན་དུ་བྱས་ཏེ་སྐད་ཆ་ཁ་ཤས་ཤིག་ད་དུང་ཡང་ཡང་ཞུས་ན། ད་དུང་ཞེས་པའི་ནང་དོན་ནི། ཡར་སྔོན་ངས་ཁྱེད་ལ་མི་འདོད་བཞིན་དུ་སྐད་ཆ་ཁ་ཤས་ཤིག་ཞུ་དགོས་བྱུང་ལ། དགུན་གཞུང་དེར་ཁྱེད་ཀྱི་དྲོད་ཁོག་མི་བདེའི་ཐོག་ལ་ཆམ་པ་ཞིག་ཀྱང་ཕོག་པ་དེས། ཁོ་བོའི་མིག་མདུན་ནས་ཁྱེད་རང་སྨྲ་མི་ཤེས་པའི་བྱིས་པ་ཞིག་དང་འདྲ་བ། ཁ་ཚ་བ་དང་འཇུ་དཀའ་བའི་ཞོར་ཟས་སྐོར་ཞིག་ཞིམ་པ་རྒྱུ་མཚན་དུ་བརྩིས་ནས་ཟོས་པ་དེས། ནུབ་མོར་ཁ་པར་ལས་“ངའི་ཕོ་ཁ་མི་བདེ་འུ། ང་མི་བདེ་འུ་”ཞེས་པའི་སྐད་ངག་སྙིང་རྗེ་མོ་དང་ཉག་ཕྲ་མོ་དེ། དབྱར་གཞུང་གི་ལུ་གུ་འབའ་སྒྲ་ཞིག་རྫི་བོའི་རྣ་ལ་ལྷུང་བ་བཞིན་ཁོ་བོ་སེམས་མེད་ཅིག་ཡིན་པའི་དབང་དུ་བཏང་ན། ནུབ་དེར་རྒས་པ་བྲག་ངོགས་ནས་ཆུ་མིག་བཞུར་བ་ལྟ་བུ་སྐྱོ་ངལ་ཞིག་བྱུང་བས། ཤེས་བཞིན་དུག་ཟ་བའི་གཤེ་ཚིག་ལ་ཁ་གཡར་ནས་ཁྱེད་ལ་དུག་ངན་དུག་ཏུ་མ་ཤེས་པའི་“གླེན་པ་”ཞེས་ཀྱང་སྡིགས་པ་དག་ནི། སྐབས་དེར་དེང་གི་ཕོ་མོ་ལོ་ཆུང་ཚོས་བཤད་པ་བཞིན་དེ་འདྲའི་སྤྲོ་སྣང་དང་ཞིམ་ཚིག་ཅིག་མ་ངེས་ཀྱང་། ཁོ་བོ་རང་ངོས་ནས་ཁྱེད་ལ་ཤ་ཚ་བ་མཚོན་ཆོག་ཆོག་ལགས་ན། ཕྱིས་སུ་ཡང་རང་ལུས་བདག་སྐྱོང་གང་ལེགས་གནང་རོགས་ཞེས་ཞུ་འདོད་བྱུང་།
    ང་རང་ལྗོན་ཤིང་གད་པོ་ཞིག་གི་གཟུགས་སུ་སྣང་བ་ཡིན་ན། ཁྱེད་ནི་གཡུ་ཡི་གཤོག་པ་ཐོགས་པའི་ཁུ་བྱུག་དེ་ངེས་པས། ཁྱེད་ནི་གནས་སྐབས་མགྲོན་པོ་ཞིག་ཏུ་ཡོང་བ་ཆོས་ཉིད་ཀྱི་འགྱུར་བ་ཞིག་ལས་རྟོགས་ངེས་ལ། ལྷག་ཏུ་ཁྱེད་ཀྱི་ལྡེམ་མྱུར་གྱི་གཤོག་རྩལ་དང་། སྤུ་རིས་མཛེས་པའི་ཁ་དོག དབྱངས་ཀྱི་ངེས་ཆ་ལྡན་པ་དེ་དག་གིས་མ་བྲིས་རང་གསལ་གྱི་དོད་དུ། ང་ནི་གནས་སྐབས་ཀྱི་ཁེན་ས་དང་རྟེན་ས་ཞིག་ཡིན་པ་ཧ་ཅང་གསལ་ཡོད་ལ། མ་ཟད་ཁྱེད་ཀྱི་དགའ་ཕྱོགས་ལ་ཉེ་བའི་ལྗོན་ཤིང་དེ་དག་དང་བསྡུར་ན་ང་ནི་ལྗོན་ཤིང་ཞིག་གི་ཚད་དུ་མེད་ཀྱང་སྲིད། དེ་ལྟར་ན་ཡང་། ང་རང་སེམས་ཕམ་དང་ཡིད་ཆད་མེད་ལ་དེ་བས་ཀྱང་ཁྱེད་ཀྱི་ཁ་ཕྱོགས་ལ་ནོར་འཁྲུལ་འཛིན་མི་འོས། དེའི་ཕྱིར་ན། སྐབས་དེར་ཁྱེད་རང་ཅི་ཙམ་ལྷོད་ལྷོད་ཀྱིས་ཁོམ་ན་ཡིད་འོང་གི་སྙན་པ་དེ་ཙམ་ཁོ་བོའི་ཉེ་འཁྲིས་སུ་གནས་སྲིད་པས། བདག་ཀྱང་མི་སྨྲ་བརྟུལ་ཞུགས་ཀྱི་ཚུལ་དུ་ཁྱེད་ཀྱི་གཤོག་ཟུང་གི་སྐྱོར་མའི་དོད་དང་ཞབས་ཟུང་འཁོད་སའི་དཀྱིལ་འཁོར་ཞིག་གི་ཚབ་ཏུ་ད་བར་བསྡད་པ་ལགས་ན། ད་ནི་འུ་གཉིས་ཀྱི་གཏམ་རྒྱུད་ཀྱི་ཤོག་ངོས་བསྒྱུར་ནས་ཤོག་ངོས་གཞན་ཞིག་གི་བརྗོད་བྱ་ལ་ཀྭ་ཡེ་ཁྱེད་ཉིད་འཇུག་པར་སྤྲོ་བོ་ཡོད་ན། ཁྱེད་ཀྱི་འདོད་པ་ལྟར། ཤོག་ངོས་རྗེས་མ་དེ་ཉིད་ཤོག་ངོས་གོང་མའི་གཏམ་རྒྱུད་ལས་ཀྱང་མཛེས་སྡུག་ལྡན་པའི་སྨོན་འདུན་ཞུ་རྒྱུ་ཡིན་ལ། གདམ་ག་དེ་ཉིད་ཁྱེད་ཀྱི་ལག་མཐིལ་དུ་སོན་པའི་རིན་བྲལ་གྱི་ནོར་བུ་ཞིག་ཀྱང་ཡིན་པར་སྨོན།

Komentáře •